Jump to content

User talk:Amdobu

Page contents not supported in other languages.
From Wikipedia, the free encyclopedia


                        མཛོད་དགེ་གླིང་བ་རི་བོང་དགོན་བཀྲ་ཤིས་བྱང་ཆུབ་ཆོས་འཕེལ་གླིང་གི་ལོ་རྒྱུས་མདོར་བསྡུས།



མཛོད་དགེ་གླིང་བ་རི་བོང་དགོན་བཀྲ་ཤིས་བྱང་ཆུབ་ཆོས་འཕེལ་གླིང་ནི་མཛོད་དགེ་ཤོག་ཆེན་བཅུ་གཉིས་ཀྱི་ནང་ཚན་མཛོད་དགེ་གླིང་བ་ཡུལ་ཚོའི་དབུས་སུ་ཆགས་པའི་རི་བོ་དགེ་ལུགས་པའི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཞིག་ཡིན། དགོན་སྡེ་འདི་ནི་བོད་རབ་བྱུང་༡༦་པའི་བགྲང་བྱ་༢༦པ་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོ་སྟེ། སྤྱི་ལོ་༡༧༨༢ལོར་གསར་དུ་ཕྱག་བཏབ་གནང་བ་ཞིག་ཡིན། དགོན་སྡེ་འདི་ཉིད་དང་པོ་གསར་དུ་ཕྱག་འདེབས་གནང་བའི་བླ་མ་ནི་གླིང་བ་མཛོད་ཚང་ཚུལ་ཁྲིམས་རིན་ཆེན་ཞེས་པ་ཁོང་ཉིད་ཡིན་ལ། ཁོང་ནི་བོད་རབ་བྱུང་༡༣པའི་ཤིང་ཡོས་སྤྱི་ལོ་༡༧༣༥་ལོར་མཛོད་དགེ་གདུང་རྒྱུད་དུ་གྲགས་པའི་གླིང་བའི་དཔོན་པོ་ཨ་ཀླུམ་གྱི་བུ་ཆུང་བའི་རྒྱུད་དུ་འཁྲུངས་བར་བཤད། ཁོང་ནི་ཆུང་ངུའི་དུས་ནས་བསྟན་པ་ལ་རབ་ཏུ་བྱུང་སྟེ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་སྒོར་ཞུགས། འཛིན་གྲྭ་རིམ་བགྲོད་ཀྱི་སྒོ་ནས་སློབ་གཉེར་ལེགས་པར་གནང་། མཐར་རྡོ་རམ་དམ་བཅའ་བཞག་པར་གསུངས། ཁོང་གི་དངོས་ཀྱི་བླ་མ་ཀུན་མཁྱེན་འཇིགས་མེད་དབང་བོ་དང་གུང་ཐང་བསྟན་པའི་སྒྲོན་མེ་སོགས་ཀྱི་གཙོས་བཤེས་གཉེན་དུ་མ་ཚུལ་བཞིན་དུ་བསྟེན་ཏེ། མདོ་སྔགས་ཀྱི་གཞུང་ལ་སྤྱོང་བ་ཡོངས་སུ་མཐར་ཕྱིན་པ་ན། ཀུན་མཁྱེན་འཇིགས་མེད་དབང་བོས་ད་ནི་རང་ཡུལ་དུ་ཕེབས་ཏེ་བཀྲ་ཤིས་བྱང་ཆུབ་ཆོས་འཕེལ་གླིང་ཞེས་པའི་དགོན་སྡེ་ཞིག་ཕྱག་འདེབས་གནང་ཞེས་གསུང་གིས་དངོས་སུ་སྐུལ་བ་ལ་བརྟེན་ནས། རང་ཡུལ་དུ་ཕེབས་ཏེ་དགོན་པ་ཕྱག་འདེབས་མཛད་པ་དང་། བདེ་གསང་འཇིགས་་གསུམ་སོགས་ཀྱི་གཙོའི་རྒྱུད་སྡེ་བཞིའི་ཆོ་ག་ཕྱག་ལེན་དང་བཅས་བ་གསར་འཛུགས་གནང་བ་སོགས་བསྟན་པ་དང་འགྲོ་བ་ལ་ཕན་པ་མི་དམན་པ་བཞག་གནང་མཛད་ཡོད། མཐར་སྤྱི་ལོ་༡༧༩༣་ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་འཐིམ་པར་གསུངས། ཕྱིས་སུ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རིང་ལ་ཆེད་མངགས་གནང་བའི་བཀའ་ཆེན་བློ་བཟང་དབང་ཕྱུག་དང་བཀའ་ཆེན་བྱམས་པ་སོགས་བཀའ་ཆེན་རིམ་ཕེབས་ཀྱིས་ཀྱང་སྐྱོང་གནང་མཛད་ཡོད། དེང་སྐབས་དགོན་པ་འདིར་དགེ་འདུན་ཞལ་གྲངས་བརྒྱ་དང་བཅུ་ཕྲག་གཅིག་ལྷག་བཞུགས་ཡོད་པའི་བསྡུས་གྲྭ་དང་གྲུབ་མཐའ་སོགས་མཚན་ཉིད་ཕྱོགས་ལ་འཆད་ཉན་ཅུང་ཙམ་ཡོད་པའི་གང་ལ་སྦྱང་སའི་གཞུང་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་གསུངས་གཞིར་བཟུང་སྟེ་ཐོས་བསམ་བྱེད་བཞིན་དུ་གནས་སོ། དགོན་པ་འདི་ཉིད་ཀྱི་ལྷ་སྡེའི་ཁོངས་སུ་གཏོགས་པ་ནི་གླིང་བ་སྟོད་མ། སྨད་མ། བར་མ་གསུམ་དང་མཐའ་བ། གླིང་དཀར་སྡེ་བ་སོགས་ཡོད་ལ། ཁྱོན་བསྡོམས་ལྟར་ན་དུད་ཁྱིམ་དགུ་བརྒྱ་དང་བདུན་(༩༠༧)ལྷག་ཅིག་ཡོད་པ་ནི་དགོན་པ་འདི་ཉིད་ཆགས་ཡུལ་གྱི་ལྷ་སྡེ་གཙོ་བོ་ཡིན་ནོ། དགེའོ།།

རྩོམ་རིག་བཤད་པ་སྐད་ཆ་ཁ་ཟིན་སྣ་ཟིན་མ།

[edit]
                                  ཐོག་མའི་སྐད་ཆ། 

སྤྱིར་རྩོམ་རིག་ཟེར་བ་ནི་གཞུང་ལུགས་ཀྱི་སྐད་ཆ་ཞིག་རེད། དེ་ནི་གཙོ་བོ་རྩོམ་རིག་གི་གཞུང་ལུགས་སམ་ཡང་ན་རྩོམ་རིག་གི་བྱུང་རིམ་ཐད་ནས་བརྗོད་པ་ཡིན་ན་ཅུང་གསལ་བཤད་བྱེད་བདེ་བ་ཞིག་ཏུ་མཐོང་སོང་། མ་གཞི་རྩོམ་རིག་གི་སྐད་ཆ་བཤད་དུས་བྱུང་རིམ་དང་བརྡ་ཆད་ཀྱི་འཕེལ་འགྲོས་ཅུང་ཙམ་མ་ཤེས་ན་རྩོམ་ཡིག་ཧྲིལ་བོའི་མྱོང་བྱ་དང་རོལ་བྱ་མང་པོ་ཞིག་གཏན་ནས་འགག་འགྲོ་ཟེར་བ་ལྟར། ནུབ་གླིང་གི་རྩོམ་རིག་ཟེར་དུས་མ་གཞི་ནས་ཧ་ཅང་རྒྱ་ཆེན་ཞིག་དང་ལྟ་གྲུབ་མང་པོའི་རྙོག་འཛིང་རང་བཞིན་ཅན་ཞིག་ཡིན་དུས། དུས་ཐུང་ཞིག་གི་ནང་དུ་དེ་འདྲིའི་སྟབས་བདེ་བོར་འགྲེལ་ཐུབ་པ་ཞིག་དང་ཞིབ་རྒྱས་བོར་རྟོགས་ཐུབ་པ་ཞིག་ཀྱང་མ་རེད། ལྷག་ཏུ་ང་རང་ལ་མཚོན་ན་ནུབ་གྱི་རྩོམ་རིག་གི་ཕྱོགས་ལ་ཞིབ་འཇུག་དང་ཆེད་སྦྱང་རང་བཞིན་གང་ཡང་བྱས་མེད་དུས་གོ་ཐོས་ཙམ་ལས་ཅི་ཡང་ཤེས་པ་མི་འདུག་མོད། འདི་ནས་ནུབ་ཀྱི་གནའ་བོའི་རྩོམ་རིག་གི་བརྡ་ཆད་བྱུང་འཕེལ་དང་ང་ཚོ་བོད་ཀྱི་རྩོམ་རིག་གསར་བ་དང་འབྲེལ་བ་ཡོད་པའི་ལྟ་གྲུབ་རེ་གཉིས་ཤིག་གཙོར་བཟུང་ནས་ང་རང་གིས་གང་ཤེས་པ་དག་འགྲེལ་ཁུལ་བྱས་ན།

                         ནུབ་གྱི་རྩོམ་རིག་གི་བརྡ་ཆད་བྱུང་སྟངས། 

སྤྱིར་ང་ཚོ་བོད་ལ་མཚོན་ན་དེང་སྐབས་གསལ་བོ་བྱུང་ཡོད་པ་མ་གཏོགས་སྔོན་ཆད་རྩོམ་རིག་ཟེར་བ་དང་སྙན་ངག་ཟེར་བ་གཉིས་ལ་དབྱེ་བ་གསལ་བོ་འགར་ཤེས་ཀྱི་ཡོད་པ་མ་རེད། ཡིན་ཡང་དེ་ནི་ང་ཚོ་གཅིག་པོ་ཙམ་མ་རེད་སྔོན་གྱི་གྷི་རེ་སི་ཡིན་ན་ཡང་གཅིག་འདྲ་རེད། གནའ་བོའི་གྷི་རེ་སིའི་ཐོག་མའི་རྩོམ་རིག་གི་གཞུང་ལུགས་འབྲི་མཁན་ནི་ཨཱ་རཱ་སི་ཊོ་ཊལ(ARISTOTLE)ཟེར་བ་དེ་རེད། གཞུང་ལུགས་དེའི་ནང་དུ་རྩོམ་རིག་ཟེར་བའི་ཐ་སྙད་དེ་མ་བྱུང་བར་སྙན་རིག་ཅེས་བྱུང་ཡོད་པ་རེད། དེ་ནི་ནུབ་ཕྱོགས་པའི་ཐོག་མའི་རྩོམ་རིག་གི་ཁུངས་གཏུགས་ས་གཙོ་བོ་ཞིག་རེད། དེ་མིན་ཁོང་གིས་ཚིག་རྒྱན་རིག་པ་ཞེས་པ་ཞིག་དང་གཉིས་བྲིས་ཡོད་པ་རེད་ལ།(ཨཱ་རཱ་སི་ཊོ་ཊལ)་གྱི་སྙན་རིག་གི་ནང་དུ་སྙན་ངག་ཅེས་བྲིས་ཡོད་ཀྱང་ཁྱབ་ ཆེན་པོ་རེད། དེ་ནི་ང་ཚོས་དེང་སང་རྩོམ་རིག་གི་ཁྱབ་ཁོངས་ཐད་ཀྱི་བཤད་ཚུལ་དང་ཕལ་ཆེ་གཅིག་འདྲ་རེད། དང་ཐོག”སྙན་རིག’’བྱུང་བ་རེད་ལ’’རྩོམ་རིག’’ཅེས་ པའི་ཐ་སྙད་དེ་དངོས་སུ་གཏན་འབེབ་གནང་དུས་ནི་དུས་རབས་བཅོ་བརྒྱད་པའི་ནང་རེད། སྐབས་དེར་ནུབ་ཕྱོགས་པའི་རྩོམ་རིག་དང་སྙན་ངག་ཅེས་པ་གཉིས་གསལ་བོར་སོ་སོར་ ཕྱེས་པ་རེད།དེའི་ཡར་སྔོན་དུ་སྙན་ངག་དང་རྩོམ་རིག་གཉིས་ཀ་གཅིག་བྱས་ཏེ་བཤད་ཀྱིན་འདུག ང་ཚོ་ཡིན་ནའང་ཐོག་མར་སྙན་ངག་མེ་ལུང་མ་དར་བས་རྩོམ་གཞུང་དར་སོང་ཟེར་བཞིན་ཡོད་མོད། དེ་གཉིས་ལ་མི་འདྲ་ས་གཅིག་ཡོད་པ་ནི་དེང་སང་ནུབ་ཕྱོགས་པའི’’རྩོམ་རིག’’ཟེར་བ་དང’’སྙན་རིག’’ཅེས་པ་དེའི་ནང་དུ། དེང་སང་གི་རྩོམ་རིག་གི་ཆ་ཅི་འདྲ་ཡོད་པ་དང་རྩོམ་རིག་གི་ཁྱབ་ཁོངས་ཀྱི་སྙན་རིག་ཅེས་པ་གཉིས་ཀྱི་ཆ་དེ་གསལ་བོ་ཕྱེས་ཡོད་ཀྱང་། ང་ཚོས་ད་དུང་དེ་གཉིས་གསལ་བོ་ཕྱེས་ཡོད་པ་མ་རེད། མི་འདྲ་ས་གཙོ་བོ་ཡང་དེ་རེད། ཐོག་དང་པོ་ནུབ་ཕྱོགས་པ་ཡིན་ན’’སྙན་རིག’’ཅེས་པ་དང’’རྩོམ་རིག’’ཅེས་པ་གཉིས་གཅིག་བྱས་ནས་བྱུང་ཡོད་པ་རེད། ང་ཚོས་ད་དུང་གཞུང་ལུགས་ཐོགས་ནས་སྙན་རིག་དང་རྩོམ་རིག་གཉིས་ལ་ས་མཚམས་གསལ་བོ་ཕྱེས་ཡོད་པ་གཅིག་ཀྱང་བྱུང་མེད།

                     ནུབ་ཕྱོགས་པའི་རྩོམ་རིག་ལ་ངོས་འཛིན་ཚུལ།  

དེ་ན་རྩོམ་རིག་ཟེར་བ་ནི་སྤྱིར་བཤད་ན་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་ཟེར་བ་ལྟ་བུ་སོགས་ནུབ་ཕྱོགས་པའི་རྩོམ་རིག་གི་གྲུབ་མཐའ་ཁག་གིས་སྤྱི་སྡོམ་བྱེད་སྟངས་འདྲ་གི་མ་རེད། དཔེར་ན་རྩོམ་རིག་ནི་ལྷ་ཡི་ལེགས་སྐྱེས་ཡིན་ཟེར་བ་ལྟ་བུ་དང་། ཡང་ན་རྩོམ་རིག་ནི་སེམས་ཁམས་རིག་པའི་ཆ་ཤས་ཤིག་ཡིན་ཟེར་བ་སོགས་གྲུབ་མཐའ་དག་གིས་འགྲེལ་ཚུལ་རེད། རྩོམ་རིག་ནི་ལྷ་ཡི་ལེགས་སྐྱེས་ཡིན་ཟེར་དུས་དེ་ནི་གཙོ་བོ་ཆོས་ལུགས་དང་ལྷ་སྒྲུང་གི་ཁྱབ་ཁོངས་ནས་བཞག་པའི་སྤྱི་སྡོམ་ཙམ་རེད། དཔེར་ན་ང་ཚོ་བོད་ལ་མཚོན་ནའང་སྙན་ངག་ནི་དབྱངས་ཅན་ལྷ་མོ་ལྟ་བུ་ཞིག་གིས་མར་གནང་བར་བཤད་ཚུལ་ཡོད་པ་ལྟ་བུ་རེད། རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ན་སྙན་ངག་གི་ཚོར་བ་ནི་རྟོགས་པ་ཀློང་བརྡོལ་ལྟ་བུ་ཡིན་ཟེར་བ་ལྟར་གོང་ནས་ལྷ་ཞིག་གིས་གནང་བར་འདོད་མཁན་ནི་ང་ཚོ་བོད་ཙམ་དུ་མ་ཟད་ཕལ་ཆེར་ནུབ་ཕྱོགས་པས་ཀྱང་དེ་ལྟར་ཡོང་ཡོད་པ་རེད། དཔེར་ན། ནུབ་གྱི་རྩོམ་རིག་མང་པོ་ཞིག་འགོ་ལ་(མེའོ་གཟད་སི)་ཞེས་པའི་སྙན་ངག་གི་ལྷ་མོ་ཞིག་ལ་མཆོད་བརྗོད་འབྲི་སྲོལ་ཡོད་པ་རེད། མ་གཞི་རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་གམ་ཡང་ན་དངོས་འབྲེལ་འཚོ་བའི་འབུར་གཟུགས་ཕྱིར་ཐོན་པ་ཡིན་ཟེར་ བ་ལས་རྩོམ་རིག་ནི་ལྷ་ཡི་ལེགས་སྐྱེས་ཡིན་ཞེས་ན་སྔོན་མའི་སྲོལ་རྒྱུན་རྩོམ་ རིག་དང་ལྷག་པར་ཏུ་ལྷ་སྒྲུང་དང་ཆོས་ལུགས་བརྗོད་བྱ་བྱས་ནས་བྲིས་པའི་རྩོམ་རིག་ལ་འགྲེལ་ཡག་པོ་ཞིག་རྒྱག་ཐུབ་ཀི་ཡོད་པ་རེད། དེ་བཞིན་ནུབ་ཕྱོགས་པར་མཚོན་ན་རྩོམ་རིག་ལ་མཚན་ཉིད་མང་པོ་བཞག་ཡོད་པ་རེད། དེ་ནི་རྩོམ་རིག་ལ་ཁྱབ་ཁོངས་མང་པའི་རྒྱུ་མཚན་གྱིས་མཚན་ཉིད་ཀྱང་དེ་བཞིན་མང་དགོས་པ་ཞིག་ཡིན་པ་རེད།ནུབ་ཕྱོགས་པས་རྩོམ་རིག་བཤད་དུས་རྩོམ་རིག་ལྟ་བུ་ཡིན་ནའང་མཚན་ཉིད་གཅིག་ཡིན་དགོས་པའི་ངེས་པ་མེད། དེ་ལ་གྲུབ་མཐའ་མང་བས་རྐྱེན་གྱིས་རྩོམ་རིག་ཡོད་ཚད་གཅིག་ཡིན་དགོས་པའི་ངེས་པ་ཡང་མེད་པར་འདོད་པ་རེད།

                བོད་ཀྱི་རྩོམ་རིག་ལ་ལྟ་ཚུལ་ལམ་མཚན་ཉིད་འཇོག་ཚུལ།

ང་ཚོ་བོད་ལ་མཚོན་ན་རྩོམ་རིག་གི་མཚན་ཉིད་གཅིག་ཡིན་ཟེར་བ་དེ་རེད། དེ་ལྟ་བུའི་བསམ་བློ་ཞིག་གང་ནས་བྱུང་བ་རེད་ཅེས་ན་ང་ཚོས་རྩོམ་རིག་གི་ནང་དུ་ཆོས་ལུགས་ཀྱིས་མཚན་ཉིད་དེ་ཚུར་བཏོན་པས་རེད་སྙམ། གང་གིས་ཞེ་ན་ཆོས་ལུགས་ཀྱི་ནང་དུ་བུམ་པ་ལྟ་བུའི་མཚན་ཉིད་གཅིག་འཇོག་པའི་སྲོལ་ཡོད་ལ།དེ་ལ་མཚན་མཚོན་ཁྱབ་བ་སྒོ་བརྒྱད་ཅེས་མཚན་ཉིད་ཅིག་གིས་མཚོན་བྱ་གཅིག། མཚོན་བྱ་གཅིག་གིས་མཚན་ཉིད་གཅིག་གསལ་བཤད་བྱེད་པ་ལྟ་བུའི་རིག་པ་འདི་རྩོམ་རིག་ནང་ལ་ཁྱེར་ཡོང་བས་རེད་སྙམ། དཔེར་ན་ནུབ་ཕྱོགས་པའི་logic ་ཟེར་བ་དེ་ནི་ང་ཚོའི་གཏན་ཚིགས་རིག་པ་ཞེས་པ་དེ་རེད། གཏན་ཚིགས་རིག་པ་དེའི་ནུས་པ་སྒྱུ་རྩལ་རྩོམ་རིག་གི་ཁྱབ་ཁོངས་ཁྲོད་ནས་ནུས་པ་ཅི་ཡང་ཐོན་ཐུབ་གྱི་ཡོད་པ་མ་རེད། དེ་བཞིན་དུ་རྩོམ་རིག་གཅིག་པུ་ཙམ་མ་ཡིན་པར་མཚན་ཉིད་གཅིག་གི་སྟེང་ནས་བྱ་དངོས་གང་ཡིན་ཡང་གསལ་བཤད་བྱེད་རྒྱུ་དཀའ་མོ་རེད། དཔེར་ན་ཅི་ཞིག་ལ་མི་ཟེར་ལྟ་བུར་མཚན་ཉིད་ཅིག་བཞག་པ་ཡིན་ན་ཡང་། ང་ཚོས་སྨྲ་ཞིང་དོན་གོ་བ་མིའི་མཚན་ཉིད་དུ་འཇོག་ལ། ནུབ་ཕྱོགས་པས་རྣམ་དཔྱོད་རྒྱུད་ལྡན་གྱི་གང་ཟག་མིའི་མཚན་ཉིད་དུ་འཇོག་ལ། དེ་བཞིན་གནའ་བོའི་གྷི་རེ་སིས་སྐད་ཆ་བཤད་ཤེས་པ་མིའི་མཚན་ཉིད། ཨཱ་རཱ་སི་ཊོ་ཊལ་གྱིས་ཆབ་སྲིད་ཀྱི་སྡེར་གཏོགས་པ་མིའི་མཚན་ཉིད་ཅེས་མི་ལ་མཚན་ཉིད་མང་པོ་བཞག་ཡོད། དེ་བས་མི་ཡིན་ཡང་རུང་ལ།དེ་མིན་ཀྱིི་བྱ་དངོས་གང་ཡིན་ཡང་དེ་ཉིད་གཞུང་ལུགས་ཤིག་གིས་གཏན་འབེབ་བྱེད་ན་ཐོག་མར་དེ་ལ་བལྟ་སྟངས་མང་པོ་ཞིག་གིས་བལྟ་དགོས་པ་ལས་ མཚན་ཉིད་གཅིག་གིས་ཐག་གཅོད་བྱ་མི་རུང་། དེ་ལྟ་ཡིན་ན་གཞུང་ལུགས་དེ་ནི་ཕུན་སུམ་ཚོགས་པ་ཞིག་དང་། བལྟ་རན་ཡོད་པ་ཞིག་རེད། སྤྱིར་བཏང་གི་ཆ་ནས་མཚན་ཉིད་ཟེར་བ་ནི་ཟུར་ངོས་རེ་རེ་ལེན་ཐུབ་མཁན་ཞིག་ཡིན་དགོས་པ་ལས་བརྒྱ་ཁ་གཅིག་གཅོད་ཀྱི་མཚན་ཉིད་ཅིག་བྱུང་རྗེས་གཞན་ཐམས་ཅད་འགོག་ཐུབ་པ་ཞིག་སྲིད་ཀྱི་མ་རེད།

                        ནུབ་ཕྱོགས་དེང་རབས་སྨྲ་བའི་རྩོམ་རིག་གི་བྱུང་བ་བཤད་པ། 

༡༨༥༧ལོ་དང་དུས་རབས་ཉི་ཤུ་བའི་ནང་ནུབ་གླིང་དུ་དེང་རབས་སྨྲ་བའི་རྩོམ་རིག་གི་རླབས་རྒྱུན་མཆེད་འགོ་བརྩམས་པ་རེད། གཙོ་བོ་མཚོན་རྟགས་རིང་ལུགས་དང་། རྟོག་པ་རིང་ཡན་པ། འབྱུང་འགྱུར་རིང་ལུགས། མངོན་མཚོན་རིང་ལུགས། ཏ་ཏ་རང་ལུགས། གཞི་གྲུབ་རིང་ལུགས། ཚུལ་འཆལ་སྨྲ་བའི་རིང་ལུགས། གཉའ་ཆག་མི་རབས་གཅིག དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་སོགས་བྱུང་བ་རེད། སྤྱིར་བཤད་ཚུལ་ཞིག་ལ་རྩོམ་རིག་ནི་དུས་ནམ་ཡང་སྤྱི་ཚོགས་འཚོ་དུས་བདེ་ཞི་འཇགས་ཡིན་དུས་ཞིག་ལ་དར་སྤེལ་བྱེད་ཐུབ་པ་ཞིག་མ་ཡིན་པར། གཙོ་བོ་སྤྱི་ཚོགས་དང་གནས་བབས་སྐྱོ་བོའི་འོག་ནས་དར་འཕེལ་བྱུང་བ་ཞིག་ཡིན་ཟེར་བ་ལྟར། དེ་ཡང་ནུབ་གླིང་བའི་རྩོམ་རིག་གི་གྲུབ་མཐའ་དག་ལ་བལྟས་ཏེ་དཔྱད་ན་དེ་ལྟར་དུ་ཡོད་དེ། ནུབ་ཕྱོགས་པའི་དེང་རབས་སྨྲ་བའི་རྩོམ་རིག་གི་གྲུབ་མཐའ་དག་ཀྱང་གནས་བབས་སྐྱོ་བ་དང་ཐབས་སྡུག་པ། ཡིད་མུག་པ་སོགས་ཀྱི་ལོ་རྒྱུས་བྱུང་འཕེལ་བར་ནས་བྱུང་ཡོད་པ་རེད། དཔེར་ན་དེང་རབས་སྨྲ་བའི་རྩོམ་རིག་དག་ཀྱང་མ་རྩ་རིང་ལུགས་དེ་བཙན་རྒྱལ་རིང་ལུགས་སུ་བསྐྱོད་པའི་དུས་སྐབས་སུ་བྱུང་བ་ཞིག་རེད། འབྱོར་ལྡན་གྲལ་རིམ་དང་བཟོ་བ་མི་མང་བར་འགལ་བ་ཛ་དྲག་ཇེ་ཆེར་གྱུར་བ་ནས་དཔལ་འབྱོར་གྱི་ཉམས་ཉེས་རྒྱུན་པར་བྱུང་བ་དང། དབུལ་ཕྱུག་མཐའ་གཉིས་སུ་གྱེས་པའི་གནས་ཚུལ་ཚབས་ཇེ་ཆེར་སོང་བ། ཆབ་སྲིད་ཀྱི་རྣམ་པ་གཡོ་འཁྱོག་ཆེ་ཞིང་ལྷིང་འཇགས་མེད་པ་སོགས་ཀྱི་འོག་ནས་ཤེས་ཡོན་པ་དང་བསམ་བློ་སྨྲ་བ་ཚོར་འཚོ་བ་ལ་དོན་སྙིང་སྟོང་ཞིང་། བསམ་པ་གདུང་བས་ནོན་པ་བཅས་ཀྱི་ཚོར་སྣང་བྱུང་སྟེ། སྤྱི་ཚོགས་འཚོ་བ་ལ་གོ་བ་བསྐྱར་དུ་ལེན་པའི་ཐབས་ལམ་ཆེད་རྩོམ་རིག་གི་སྐད་ཆ་ལ་བརྟེན་ནས་འཚོ་བ་ལ་ངོས་འཛིན་གསར་བ་བྱ་བའི་འོག་དེང་རབས་སྨྲ་བའི་རྩོམ་རིག་ཅེས་པ་བྱུང་བ་རེད།

                         ནུབ་གླིང་དེང་རབས་རྩོམ་རིག་ལས་བྱུང་སྔ་ཤོས།  

དེང་རབས་སྨྲ་བའི་རྩོམ་རིག་གི་གྲུབ་མཐའ་ཐོན་སྔ་ཤོས་ནི་མཚོན་རྟགས་རིང་ལུགས་ཡིན་ཞིང་། དེའི་སྔོན་བྱོན་པ་ནི་ཧྥ་རན་སའི་རྩོམ་པ་པོ་(པཱོ་ཏེ་ལེ་ཨར)གྱི་མི་དགེ་མེ་ཏོག(flower of evil)ཅེས་པ་དེ་མཚོན་རྟགས་རིང་ལུགས་ཀྱི་རྨང་གཞིའི་རྩོམ་རིག་ཏུ་འབོད་བཞིན་ཡོད། དུས་རབས་བཅུ་དགུ་པའི་ལོ་རབས་བརྒྱད་ཅུ་བའི་ནང་ཧྥ་རན་སིར་མཚོན་རྟགས་རིང་ལུགས་པའི་རྩོམ་རིག་གྲུབ་མཐའི་དར་ཆ་དངོས་སུ་འཕྱར་བ་རེད་ལ་རྩོམ་པ་པོའི་དཔུང་ཁག་ཅིག་ཀྱང་ཐོན་ཡོད་པ་རེད། ལོ་རབས་སུམ་ཅུ་པ་ནས་བཞི་བཅུའི་དུས་འགོ་བར་ཧེ་ཐུ་ལིར(hitler)ཚབ་བྱེད་པའི་ཧྥ་ཤི་སི་རིང་ལུགས་ཤིན་ཏུ་སྨྱོ་ཧམ་ཆེ་ཞིང་། ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམངས་གཙོའི་རྩོམ་པ་པོ་དངོས་ཡོད་རང་ལུགས་ཀྱི་རྩོམ་རིག་དར་འཕེལ་འགྲོ་རྒྱུར་སྐུལ་འདེད་བྱས་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཉམ་དམས་བསམ་བློར་སླར་ཡར་ལངས་ཤིང་། གཞི་གྲུབ་སྨྲ་བའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་བསམ་བློ་གང་སར་མཆེད་པ་བཅས་ཀྱི་རྐྱེན་གྱིས་དེང་རབས་སྨྲ་བའི་རྩོམ་རིག་དར་རྒྱས་བྱུང་བའི་དུས་ལ་སླེབས། དུས་མཚམས་དེའི་རིང་གི་དེང་རབས་སྨྲ་བའི་རྩོམ་རིག་ལ་ཕྱི་དར་དེང་རབས་སྨྲ་བ་ཟེར་ཞིང་། གྲུབ་མཐར་དབྱེ་ན་(ས་ཋེ)ཚབ་མཚོན་བྱེད་པའི་ཧྥ་རན་སིའི་གཞི་གྲུབ་རིང་ལུགས་ཀྱི་རྩོམ་རིག་དང་། (ཧེའེ་ལན་)དང་(ཧྥང་ཉི་)སོགས་ཀྱིས་ཚབ་བྱེད་པའི་ཨ་རིའི་ནག་པོའི་དགོད་སློང་སྨྲ་བ་དང་(ཨོའོ་སི་པུན་)གྱིས་ཚབ་བྱེད་པའི་དབྱིན་ཇིའི་ཁོང་ཁྲོ་འབར་བའི་གཞོན་ནུ་སོགས་རིགས་མི་འདྲ་བ་མང་པོ་ཞིག་བྱུང་ཡོད་པ་རེད། འོན་ཀྱང་། བསམ་བློའི་ཐད་ནས་མང་ཆེ་བ་གཞི་གྲུབ་རང་ལུགས་ཀྱི་ལྟ་གྲུབ་དང་འབྲེལ་ནས་ཡོད་མོད། སྒྱུ་རྩལ་གྱི་རྣམ་པ་དང་སྲོལ་གསར་ལུགས་སོགས་སོ་སོ་ལ་ཐུན་མོང་གི་ཁྱད་ཆོས་རེ་ཡོད་པ་རེད། • དེ་བཞིན་དེང་རབས་སྨྲ་བའི་རྩོམ་རིག་ནི་དེང་སྐབས་ད་དུང་ནུབ་ཕྱོགས་པའི་རྩོམ་རིག་གི་གྲུབ་མཐའ་གལ་ཆེན་ཞིག་རེད་ལ་འཛམ་གླིང་ཡོངས་ལ་རྒྱ་ཁྱབ་ཀྱིས་དར་འཕེལ་འགྲོ་བཞིན་པ་ཞིག་ཀྱང་རེད།

               བོད་ལ་དར་ཆེ་བའི་ནུབ་ཀྱི་རྩོམ་རིག་གྲུབ་མཐའ་དང་དེ་དག་གི་བྱུང་འཕེལ། 

བོད་ཡུལ་གི་ཁམས་ཆེན་མོ་འདིར་རྩོམ་རིག་གི་གནམ་འཕངས་གཅོད་པའི་གཤོག་རྩལ་རྒྱས་པ་ནས་བཟུང་། འཕེལ་འགྱུར་གི་གནད་ག་རབ་དང་ རིམ་པ་ཞིག་བྱུང་བ་ལྟར། ལོ་རབས་བརྒྱ་ཅུ་པ་ནས་བོད་ལ་དེང་རབས་རང་མོས་སྙན་ངག་དང་དེང་རབས་བརྩམས་སྒྲུང་གི་སྲོལ་ཀ་དར་བ་ནས་བཟུང་། ཡོད་ཚད་ཀྱིས་དངོས་ཡོད་རང་ལུགས་ཀྱི་འབྲི་ཚུལ་གཙོར་བཟུང་ནས་དངོས་ཡོད་སྤྱི་ཚོགས་འཚོ་བ་ཇི་བཞིན་མཚོན་པའམ(བདུད་ལྷ་རྒྱལ་གི་སྐད་ཆའི་བཤད་ན་ཞིབ་དོན་གསལ་རྫོགས་སུ་བསྐྱར་མཚོན་བྱ་བ)འི་ལུགས་སམ་ཕྱི་རོལ་འཚོ་བ་ཇི་བཞིན་འབྲི་བའི་ཚུལ་ཞིག་གིས་བོད་ཀྱི་བརྩམས་སྒྲུང་ཡོངས་ཀྱི་ཁ་ཕྱོགས་བཟུང་ཡོད་པ་རེད། དཔེར་ན། དོན་གྲུབ་རྒྱལ་གྱི་(སད་ཀྱིས་བཅོམ་པའི་མེ་ཏོག)དང་ལྷུན་གྲུབ་གྱི་(རྟ་ནག་སྒྲོག་འགྲོས)ལྗང་བུའི་(ཆ་མི་འགྲིག་པའི་ལྷམ) རྡོ་རྗེ་རིན་ཆེན་གྱི་(གཞིས་བྱེས་ལྷན་འཛོམས) རྡོ་རྗེ་སྐྱིད་ཀྱི་(རྩྭ་ཐང་གི་ཉིན་ཐོ)་སོགས་ནི་བོད་ཀྱི་དངོས་ཡོད་བརྩམས་སྒྲུང་གི་ཚབ་མཚོན་དུ་ལྟ་བུ་ཡིན་པ་རེད།

དེ་ནས་ལོ་རབས་དགུ་ཅུ་བ་ནས་བཟུང་ལྟོས་བཅས་ཀྱིས་འགྱུར་བ་བྱུང་སྟེ་དེང་རབས་རང་ལུགས་ཀྱི་འབྲི་ཚུལ་ལ་མང་མང་གིས་ལད་འབྲི་བྱ་བའི་འགོ་ཚུགས་ཡོད་པ་རེད། ཕྱི་རོལ་གི་སྤྱི་ཚོགས་འཚོ་བ་ཇི་བཞིན་བཞེང་བསྐྲུན་བྱེད་པའི་ལས་དེ་ལས་རིང་དུ་བརྒལ་ཏེ་མི་སྣའི་ནང་སེམས་སུ་ལག་སྙོབས་བྱ་བའི་བྱ་ཐབས་ཀྱི་བརྩམས་སྒྲུང་གི་ཕྱོགས་སུ་སོང་ཡོད་པ་རེད།   དེ་ཡི་དཔེ་མཚོན་ལ་ལོ་རབས་དགུ་བཅུ་བའི་ནང་དུ་བྱུང་བའི་བརྩམས་ཆོས།  སྟག་འབུམ་རྒྱལ་གྱི་(ཉིན་གཅིག་གི་ཆོ་འཕྲུལ)  པདྨ་ཚེ་བརྟན་གྱི་(མག་མག་གི་ནུབ་ཁའི་ཉི་མ)  རིག་རྒྱམ་གྱི(ང་དང་ནུབ་ཁ)སོགས་ཡོད་ལ།  འདི་དག་ནི་ལྟོས་བཅས་ཀྱིས་ལོ་རབས་བརྒྱད་བཅུ་བའི་ནང་གི་བརྩམས་སྒྲུང་དག་དང་འབྲི་ཚུལ་དང་མཚོན་དོན་གང་གི་ཕྱོགས་ནས་ཁྱད་པར་བྱུང་ནས་ཡོད།   དེ་དག་ལས་དེང་རབས་རང་ལུགས་ཀྱི་འབྲི་ཚུལ་འདི་སྤྱད་ནས་གྲུབ་འབྲས་ཆེ་ཆེར་བྱུང་ཡོད་པའི་རྩོམ་པ་བོ་གཅིག་ནི་པདྨ་ཚེ་བརྟན་དང་སྟག་འབུམ་རྒྱལ་གཉིས་ཡིན་ལ།   པདྨ་ཚེ་བརྟན་ནི་དེང་རབས་རང་ལུགས་གཙུག་ཆེར་བཟུང་ནས་འབྲི་མཁན་ཞིག་ཡིན།   ཁོང་གིས་སྔ་གཞུག་ཏུ་(ཁ་བ་མེད་པའི་དགུན་ཁ)དང་།  (བསླུ་བྲིད།)  (ཡུལ་གྱལ་རྡུང་ལེན་པ་ཞིག་གི་རྨི་ལམ) སོགས་དེང་རབས་རང་ལུགས་ཀྱི་འབྲི་ཚུལ་སྤྱད་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་བྲིས་ཡོད།   བརྩམས་སྒྲུང་དེ་དག་ནི་བོད་ཀྱི་རྩོམ་རིག་གི་ཞིང་སར་མཚོན་ན་གྲགས་འགུལ་ཆེ་ཆེར་བཞག་མྱོང་བ་རྐྱང་ཡིན་པ་རེད།   
                         དེང་རབས་རང་ལུགས་འབྲི་ཚུལ་བཤད་ན།
མ་གཞི་རྩོམ་རིག་གཞུང་ལུགས་རང་གི་ངོས་ནས་བཤད་ན་རྩོམ་ཡིག་གི་དམིགས་ཡུལ་གཙོ་བོ་དེ་རྩོམ་པ་བོའི་ལྟ་བ་དང་བསམ་བོ་བསྒྲགས་སྤེལ་བྱེད་རྒྱུ་དང་རྩོམ་ཡིག་གིས་ངེས་པར་དུ་འགན་འཁྲི་ཞིག་ཁུར་ནས་གང་ཞིག་ལ་དགག་དགོས་པའི་གནས་ལུགས་དེ་ཡང་མ་རེད་ལ།   གང་ཞིག་ལ་སློབ་གསོ་གཏོང་དགོས་པ་དེ་ཡང་མ་རེད།      པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་དག་ནི་ཏག་ཏག་དེ་དག་ལས་ལྡོག་ཏེ་ངོས་གཞན་ཞིག་ན་འབྲི་བཞིན་ཡོད།   ཁོང་གི་བརྩམས་ཆོས་དག་གི་བརྗོད་སྙིང་ནི་མི་རིགས་བྱེ་བག་པ་ཞིག་དང་ཚོགས་པ་བྱེ་བག་པ་ཞིག་གི་ལངས་ཕྱོགས་དང་ལྟ་བ་ལས་བརྒལ་ཏེ་མིའི་རིགས་སྤྱི་ལ་མངའ་བའི་གཉུག་གཤིས་ཀྱི་སེམས་ཁམས་ ཤིག་འབྲི་བཞེང་བྱ་བཞིན་ཡོད།   དཔེར་ན།   ཁོང་གི་བརྩམས་སྒྲུང་(མོག་མོག་གི་ནུབ་ཁའི་ཉི་མ)ན་ཡང་ཕ་མ་མེད་པའི་བུ་མོ་ཞིག་བརྗོད་བྱར་བཟུང་ནས་མིའི་རིགས་ཀྱི་ནང་སེམས་ཀྱི་ཟབ་ས་ན་གནས་པའི་རང་བཞིན་ལྷུན་གྱིས་གྲུབ་པའི་ཁེར་རྐྱང་དང་གདུང་བ།   སྡུག་ཡས།  དྲན་ཚོར།  བརྩེ་བ།   སྡུག་བསྔལ་སོགས་འགྲེལ་བཞིན་ཡོད་མོད།  འདི་ལས་ལྟ་བ་དང་ལངས་ཕྱོགས་རིག་གནས་གང་ལ་ཡང་དགག་གཞག་གཏོང་གིན་མེད་ པར།   ཆོས་ཉིད་ཅིག་ལ་གསལ་འགྲེལ་བྱེད་ཀྱིན་ཡོད།  དེ་བཞིན་(ཡུལ་གལ་རྡུང་ལེན་པ་ཞིག་གི་རི་ལམ)ཞེས་པར་ཡང་རྡུང་ལེན་པ་ཞིག་གི་རྨི་མ་རྒྱུད་ནས་རྡུང་ལེན་པའི་བུ་མོ་ཞིག་རྨིས་པ་ནས་ཁོ་དེ་ལ་ཐུག་འདོད་ཀྱི་རྨི་་ལམ་ལ་སྒུག་ཀྱང་ཐུག་ཐབས་མ་བྱུང་མོད།   རྗེས་སུ་ཐུག་ཕྲད་བྱུང་དུས་བུ་མོ་དེ་བེམ་རོ་ཞིག་ཏུ་གྱུར་ནས་ཡོད།     (བསླུ་བིད)ཀྱང་ཏག་ཏག་དེ་འདྲ་བ་ཞིག་གི་ངོས་ན་ཡོད་དེ།   བྱིས་པ་ཆུང་ཆུང་ཞིག་གིས་ཁྱིམ་མཚེས་ཀྱི་ཁྱིམ་ན་མཐོང་བའི་དཔེ་ཆ་ཞིག་ལ་ལྟ་འདོད་ནས།   ཐབས་བརྒྱ་ཇུས་སྟོང་དང་མཐའ་ན་བསླུ་བིད་ཀྱིས་ལྟ་འདོད་ཀྱང་།   མཐའ་མར་ ཁོང་གི་རེ་འདོད་ལྟར་མ་བྱུང་བའམ་མ་ཐུབ་པ་ཞིག་བཤད་ཡོད།     མ་གཞི་མིའི་རིགས་ཀྱིས་དམིགས་ཡུལ་དང་རེ་འདུན་མང་པོ་ཞིག་འདི་དག་ གི་རང་བཞིན་ལྟར་འགྲུབ་ཏུ་དཀའ་བར་རེ་སྒུག་དང་ན་ཟུག་ཞིག་གིས་རྫོགས་འགྲོ་བ་གསལ་སྟོན་བྱས་ཡོད་པ་ལྟར།   ཁོང་གི་བརྩམས་སྒྲུང་མང་ཆེ་བ་ཞིག་གིས་མི་ཆོས་ཀུན་སྤྱོད་དང་ལོ་རྒྱུས་འཕེལ་རྒྱས་སོགས་གང་ཞིག་ཀྱང་གླེང་གིན་མེད་པར།    མི་སེམས་གཙང་རྐྱང་བ་ཞིག་གམ་ཆོས་ཉིད་ལས་གྲུབ་པའི་སེམས་ཁམས་ཁོ་ན་བ་ཞིག་འགྲེལ་བཞིན་ཡོད་པས།    འོ་སྐོལ་བའི་གཙོ་རྒྱུག་བརྩམས་སྒྲུང་འབྲི་ཚུལ་གི་ངོས་ནས་བལྟས་ན་འདི་ལ་སྤྱི་ཚོགས་རིག་པའི་དོན་སྙིང་དང་།   འགན་འཁྲི་དང་མི་རིགས་ཀྱི་འདུ་ཤེས་ཟེར་བ་སོགས་ཀྱི་དོན་སྙིང་ཅི་ཡང་མེད་ལ།  རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པའི་འདུ་ཤེས་དང་།     རྩོམ་རིག་ནི་སྤྱི་ཚོགས་རིག་པའི་བྱེད་ལས་ཤིག་ཡིན་ཟེར་ན་ཁོང་གི་བརྩམས་ ཆོས་དག་ནི་དེ་དག་ལས་ལྡོག་སྟེ།    རྩོམ་རིག་ནི་མིའི་རིག་པ་ཞིག་ཡིན་པའི་ངོས་ན་འབྲི་བཞིན་ཡོད་ལ།  འདི་ནི་དེང་རབས་རིང་ལུགས་ཀྱི་འབྲི་ཚུལ་དང་མཚོན་ཚུལ་ཇི་བཞིན་དེ་ཡིན་གྱི་ཡོད་པ་རེད།  དེ་བཞིན་ཁོང་གི་བརྩམས་ཆོས་མང་ཆེ་ཤོས་ཤིག་རང་བྱུང་ཁམས་ཀི་ཆོས་ཉིད་ཀྱི་སྣང་ཚུལ་ཞིག་ལ་སྦྱར་ནས་མཚོན་པར་བྱ་བའི་མི་སྣའི་སེམས་ཁམས་དེ་གསལ་སྟོན་བྱ་བཞིན་ཡོད།  བརྩམས་སྒྲུང་མང་ཆེ་ཤོས་ཤིག་སྒྲིག་གཞིའི་ངོས་ན་གཏམ་རྒྱུད་དང་བྱུང་རིམ་འགལ་འདུ་སོགས་ཆེ་ཆེར་གསལ་བོ་བྲིས་མེད་པར་གཏང་སྙོམས་ཀྱི ཚུལ་གྱིས་བཞག་སྟེ། བརྩམས་སྒྲུང་མང་ཆེ་བ་ཞིག་གི་མི་སྣའི་སེམས་ཁམས་དེ་གཏམ་རྒྱུད་ཀྱི་བྱུང་རིམ་ཁྲོད་ནས་མཚོན་པར་མི་ནུས་པར།   རང་བྱུང་ཁམས་ཀྱི་ཆོས་ཉིད་ཀྱི་སྣང་ཚུལ་མང་པོ་ཞིག་བྲིས་ཏེ་མི་སྣའི་སེམས་ཁམས་དེ་ཡུལ་ལྗོངས་ཀྱི་ལམ་ནས་མཚོན་ཐབས་བྱས་ཡོད།    ཡིན་ཡང་ཡུལ་ལྗོངས་དེ་ཡང་ཡུལ་ལྗོངས་ཞིབ་འབྲི་ཡི་ཚུལ་གྱིས་བྲིས་པ་མིན་པར།  ཡུལ་ལྗོངས་དེ་ཡིད་བརྙན་གྱི་ཚུལ་གྱིས་མི་སྣའི་སེམས་ཁམས་ཀྱི་དགའ་སྐྱོ་ཆགས་སྡང་ཇི་བཞིན་རང་བྱུང་ཁམས་ཀྱི་འགྱུར་བག་གི་ལྡོག་འཕྲོས་ལས་གསལ་སྟོན་དང་མཚོན་ཐབས་བྱེད་བཞིན་བྲིས་ཡོད།      ཁོང་གི་བརྩམས་སྒྲུང་འབྲི་ཚུལ་དེ་རྒྱ་གར་གྱི་རྩོམ་མཁན་(ཋེ་ཀོར)་དང་ཨུ་རུ་སུའི་རྩོམ་མཁན་(གོ་ཨར་ཅི)སོགས་དང་ཆ་འདྲ་བ་ཆེ་ཆེར་ཡོད།  བརྩམས་སྒྲུང་གི་མི་སྣ་བཞེང་སྟངས་དང་གཏམ་རྒྱུད་དང་བྱུང་རིམ་ལ་ཆེ་ཆེར་དང་དོད་མི་བྱེད་པར།   ཡུལ་ལྗོངས་ལ་བརྟེན་ནས་ཡིད་བརྙན་དང་མཚོན་དོན་གྱི་ལམ་ནས་བརྩམས་སྒྲུང་ཧྲིལ་བོར་ཁེབས་པར་བྱ་བ་སོགས།  དཔེར་ན།   ཋེ་ཀོར་གི་(སུ་བྷ)དང་གོ་ཨར་ཅིའི་(བདེ་སྐྱིད་)སོགས་མི་སྣའི་སེམས་ཁམས་དེ་རང་བྱུང་ཁམས་ཀྱིསྣང་ཚུལ་ལ་བརྟེན་ནས་བྲིས་ཡོད།    བོད་ལ་མཚོན་ན་འབྲི་ཚུལ་འདི་ནི་ཅུང་བརྩམས་སྒྲུང་གཞན་ལས་གསར་བའི་རྣམ་པ་ཅན་ཞིག་གི་ངོས་ན་ཡོད་ལ།   ནུབ་ལུགས་ཀྱི་འབྲི་ཚུལ་ལ་ལད་འབྲི་བྱས་པ་ལས་གྲུབ་འབྲས་ཆེ་ཤོས་ཀྱི་བོད་ཀྱི་རྩོམ་རིག་འབྲི་ཚུལ་ཞིག་ཡིན་ནོ།  
                                   མཐའ་མའི་སྐད་ཆ། 

རྩོམ་རིག་སྐོར་ནས་སྐད་ཆ་བཤད་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་གཏན་ནས་མ་རེད་ལ། ལྷག་ཏུ་ནུབ་གླིང་རྩོམ་རིག་ལ་འགྲེལ་བརྒྱག་རྒྱུ་ནི་དེ་ལས་ཀྱང་སླ་བོ་ཞིག་མ་རེད། ཡིན་ཡང་། རང་ཉིད་ལ་མཚོན་ན་རྩོམ་རིག་གི་སྐོར་ལ་གོ་ལོ་ཐོས་ལོ་རེ་སྦྱང་བ་བྱས་ཁུལ་ཡིན་པས། ད་ཐེངས་གོ་སྐབས་འདི་བླངས་ནས་ཁ་ཟིན་སྣ་ཟིན་རེ་འགྲེལ་ཁུལ་བྱས་ཡོད་མོད། ནོར་བ་དང་ཆད་པ་ག་རེ་ཡོད་ན་ལྷན་རྒྱས་ཚོས་དགོངས་ཚུལ་ཇི་བཞིན་ཡོད་པར་ཞུ། འདི་ནི་ང་རང་ལ་མཚོན་ན་སྤྱི་ཚོགས་ལ་མ་ཞུགས་སྔོན་གྱི་སྦྱོང་བརྡར་རེ་རེ་ཡིན་ལ། མ་གཞི་སློབ་སྦྱོང་ལ་ཐུག་དུས་ཅི་ཞིག་ཀྱང་ཐུབ་པར་འདོད་པའི་སྙིང་སྟོབས་དང་ཧམ་སེམས་རིགས་ཤིག་དགོས་རྒྱུ་ནི་སློབ་གཉེར་བ་ཞིག་ལ་མཚོན་ན་མེད་ཐབས་མེད་པ་ཞིག་ཡིན་པས། ངས་ཀྱང་སྙིང་སྟོབས་འདི་དང་དུ་ལེན་ཁུལ་བྱས་ཏེ་མི་ཤེས་པ་དང་བག་འཁུམ་གྱི་ལས་ལས་རང་དུ་བརྒལ་ནས་ལམ་ལ་ཆས་པ་ཡིན། མཐར་ཚང་མར་ཐུགས་རྗེ་ཆེ།

      ཡེ་ལོ་༢༠༡༥།༣།༢༧ཉིན།  གླིང་གཅེར་བུ་འབོད་པས་གླིང་ཡར་བརྩོན་ཚང་གི་ཚོམས་སུ་གུས་ཕུལ།