Jump to content

Draft:A Cloud of Offerings Delighting the Gentle Protector Lama

From Wikipedia, the free encyclopedia

༄།།སྣང་སྟོང་ཟུང་འཇུག་གི་མན་ངག་འཇམ་མགོན་བླ་མ་

          དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ།།
                             རྩོམ་པ་པོ། 
              ལྷ་རམས་ངག་གི་དབང་ཕྱུག་རིན་ཆེན་དངོས་གྲུབ།

གང་ཞིག་གཟིགས་ཤིང་གསུངས་པ་ཡི། ། མཁྱེན་དང་སྟོན་པ་བླ་ན་མེད། ། རྒྱལ་བ་རྟེན་ཅིང་འབྲེལ་བ་འབྱུང་། ། གཟིགས་ཤིང་འདོམས་པ་དེ་ལ་འདུད། །

འདྲེན་པ་མཆོག་དེས་དཀའ་བ་དཔག་མེད་དུ། ། ནན་ཏན་སྙིང་པོར་མཛད་ནས་བསྒྲུབས་པ་འདི། ། ཐབས་གང་ཞིག་གིས་འཕེལ་བར་འགྱུར་སྙམ་སྟེ། ། རྣམ་པར་དཔྱོད་པས་ཉིན་མཚན་འདའ་བར་ཤོག །

སྟོང་དང་རྟེན་འབྱུང་སྣང་བ་རོ་གཅིག་པས། ། སྟོང་པ་སྣང་བས་ཡོད་མཐའ་དེ་ཡིས་སེལ། ། སྟོང་པའི་རྣམ་པར་ཤར་བཞིན་ཆོས་ཉིད་གཟིགས། ། སྟོང་དེས་སྣང་བ་མ་འགགས་མེད་མཐའ་སེལ། །

དེ་ལྟར་ན་ཡང་སྣང་སྟོང་རོ་གཅིག་པས། ། སྟོང་ཉིད་མ་ཡིན་དགག་ཏུ་ཐལ་མིན་ཏེ། ། ཟག་མེད་ཡེ་ཤེས་ཕུལ་བྱུང་མངོན་སུམ་ལ། ། ཆོས་ཉིད་རྣམ་པ་ལས་གཞན་སྣང་བས་དབེན། །

ཚུལ་འདི་མ་མཁྱེན་ཚུལ་གྱིས་དགེ་ལེགས་དཔས། ། སྟོང་ཉིད་མ་ཡིན་དགག་ཏུ་ཐལ་འགྱུར་ཞེས། ། ཆོས་རྗེ་གུང་རུ་བ་ལ་འབར་སྐད་དེ། ། འཇམ་མགོན་བླ་མའི་ལུགས་དང་རྣམ་པ་གཞན། །

དེ་ཕྱིར་རིགས་པའི་དབང་ཕྱུག་རྗེ་བཙུན་པས། ། དེ་ཡན་སྟོང་ཐུན་སྐལ་བཟང་མིག་འབྱེད་ལུགས། ། ད་ནི་དགོངས་པ་རབ་གསལ་ཇི་བཞིན་ཞེས། ། མཁས་གྲུབ་གཞུང་ལུགས་རྗེ་ལས་ལོགས་སུ་བཀོལ། །

རང་གི་སྣང་བ་ཚད་གྲུབ་མ་ཡིན་པའི། ། ཤེས་པ་མི་སྲིད་འཇམ་མགོན་བླ་མས་བཞེད། ། དེ་ལྟར་ན་ཡང་མཁས་གྲུབ་ཆེན་པོའི་ཞབས། ། གཉིས་སྣང་ནུབ་ལས་གཞན་ཞེས་བླ་ཐབས་སྣོན། །

ཚུལ་ལུགས་ཕྲ་མོ་དེ་ཉིད་མི་ཤེས་པས། ། ས་མིན་ཇོ་མིན་པཎ་ཆེན་ཤཱཀ་མཆོག་པས། ། ཆོས་རྗེ་བློ་བཟང་བ་ཡི་གཞུང་ལུགས་ལ། ། སྟོང་ཉིད་མེད་དགག་ཅེས་པ་སྔོན་ཆད་མེད། །

དེ་ལྟར་ན་ཡང་དགེ་ལེགས་དཔལ་བཟང་བས། ། གསར་དུ་བཅོས་ཤེས་རོང་སྟོན་རྣམ་ཐར་བཀོད། ། ཚུལ་དེ་སེ་ར་ཆོས་རྗེ་གུང་རུའི་དྲུང་། ། རྗེ་ཡི་རྩ་འཇུག་ཊཱིཀ་ཆེན་ཞུས་པའི་ཚེ། །

ཁོ་བོས་དངོས་སུ་ཐོས་ཤེས་ཀུན་ཏུ་སྒྲོག ། དེ་ལ་ཕྱོགས་གཞན་ཐམས་ཅད་བདེན་ཁ་བཟུང་། ། ཉི་མ་ཤར་ཀྱང་སྦར་མོས་ཁེབས་སྙམ་རྣམས། ། བདེན་དངོས་རྫུན་གྱིས་གཡོག་པའི་ལུཊ་ངན་ཡིན། །

དེ་ལྟར་ན་ནི་ཆོས་རྗེ་གུང་རུ་བའི། ། རྩ་འཇུག་བཞི་འགྲེལ་སྟོང་ཐུན་ཆེ་ཆུང་སོགས། ། སྟོང་ཉིད་མེད་དགག་གྲངས་ལས་འདས་པ་ཡང་། ། དགེ་ལེགས་དཔལ་གྱིས་བཅོས་ཤེས་སྒྲོགས་པར་གྱིས། །

དེས་ན་རྗེ་ཡི་རྗེས་འཇུག་སློབ་བུའི་བར། ། སྟོང་ཉིད་མེད་དགག་བཞེད་ལ་ཁྱད་མེད་ཀྱང་། ། མཉམ་གཞག་དུས་ན་སྟོང་ཉིད་རྣམ་པ་དེ། ། འདྲ་རྣམ་མི་བཞེད་པ་ནི་མཁས་གྲུབ་ལུགས། །

ཅི་སྟེ་སྟོང་ཉིད་རྣམ་པ་མི་བཞེད་ན། ། ཆོས་ཉིད་གཟིགས་པའི་བར་ཆད་མེད་ལམ་ལ། ། རང་ཉིད་མི་སྣང་ཆོས་ཉིད་རྣམ་སྣང་ཞེས། ། རྗེ་བཙུན་བླ་མའི་གསུང་ལས་རིང་དུ་གོལ། །

རྟེན་འབྲེལ་ཟུར་དུ་སྣང་བ་གསུངས་པ་ཡི། ། དཀའ་གནད་ཟབ་མོའི་དགོངས་པ་མི་ཤེས་ན། ། སྣང་སྟོང་ཟུང་འཇུག་ཅིག་ཅའི་གོ་བ་ནི། ། བསྐལ་བར་འབད་ཀྱང་རུས་སྦལ་སྤུ་དང་མཚུངས། །

ནམ་ཞིག་རེ་འཇོག་མེད་པར་ཅིག་ཅར་དུ། ། རྟེན་འབྲེལ་མི་སླུ་མཐོང་བ་ཙམ་ཉིད་ནས། ། ངེས་ཤེས་ཡུལ་གྱི་འཛིན་སྟོང་ཀུན་འཇིག་ན། ། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པར་གསུངས། །

སྣང་བ་རྟེན་འབྲེལ་སླུ་བ་མེད་པ་དང་། ། སྟོང་པ་ཁས་ལེན་བྲལ་པའི་གོ་བ་གཉིས། ། ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། ། ད་དུང་ཐུབ་པའི་དགོངས་པ་མི་རྟོགས་གསུངས། །

མཉམ་གཞག་ཟབ་མོ་ཁས་ལེན་ཀུན་བྲལ་ལ། ། སྣང་སྟོང་གཉིས་པོ་དངོས་དང་དངོས་མེད་སོགས། ། གང་ཡང་མི་སྣང་ཆུ་ལ་ཆུ་གཞག་འདྲ། ། དོན་ལ་མི་སེམས་བྱིས་པ་འདི་ན་འཁྲུལ། །

དེའི་ཕྱིར་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས། ། སྟོང་ཉིད་མེད་དགག་སྟོང་ཉིད་མ་ཡིན་ཀྱང་། ། སྟོང་ཉིད་མེད་དགག་ཡིན་ཤེས་རིགས་པ་དེས། ། གོ་བོ་རབ་འབྱམས་གོ་མེད་གནས་ལ་བཀོད། །

སྣང་བ་སྟོང་པའི་རྣམ་པར་མ་ཤེས་ན། ། སྣང་བ་ཀུན་རྫོབ་ཡིན་ཕྱིར་ཀུན་རྫོབ་ཀྱི། ། རྣམ་པར་ཤར་སྙམ་ལོག་རྟོག་སེལ་ནུས་མིན། ། དེ་ཕྱིར་རྣམ་པའི་སྐོར་ལ་ཡང་ཡང་སློབས། །

ཚུལ་འདི་ཤེས་ན་སྣང་སྟོང་ཟུང་འཇུག་ངང་། ། སྟོང་པའི་གོ་ས་དེ་ག་རང་ཉིད་ནས། ། སྣང་བ་ལྷ་རུ་ཤར་བའི་རྣལ་འབྱོར་དེ། ། འབད་མེད་འབྱུང་ཞེས་ངག་གི་དབང་ཕྱུག་སྨྲ། །

སྟོང་ཉིད་རྟོག་པའི་བློ་དེ་ལྷར་ཤར་ཅེས། ། སྤོམ་བཤད་ཙམ་གྱིས་བཟུང་མཚམས་ཁ་འགོག་ཀྱང་། ། ཡོངས་འཛིན་ཆེན་པོས་ལྕང་སྐྱ་མ་མཉེས་པའི། ། ལོ་རྒྱུས་ཟབ་མོའི་གནད་ནི་འདི་ཁོ་ན། །

སྟོང་ཉིད་རྟོགས་པའི་བཟུང་རྣམ་ལྷར་ཤར་ཅེས། ། ཡོངས་སུ་གྲགས་པའི་མན་ངག་ཟབ་མོ་ནི། ། སྟོང་ཉིད་སྣང་བའི་ངང་ནས་འཇོག་དགོས་ཀྱི། ། བློ་ལ་སྦྱར་ན་སྟོང་ཉིད་ཤོར་བར་ངེས། །

མདོ་ལུགས་རྟེན་འབྲེལ་དངོས་སུ་རྟོགས་པ་དེས། ། སྟོང་ཉིད་ཤུགས་ལ་མི་རྟོགས་ཊཱིཀ་ཆེན་དང་། ། དཀའ་གནད་བརྒྱད་ཀྱི་ཟིན་བྲིས་མཐའ་ན་མཆིས། ། དེ་ཕྱིར་ཤུགས་རྟོགས་རྗེ་ཡི་དགོངས་པ་མིན། །

སྔགས་ལུགས་ཐབས་ཤེས་དབྱེར་མེད་རྡོ་རྗེ་འདྲ། ། མཉམ་གཞག་རྗེས་ཐོབ་གང་ལ་བཞུགས་ཀྱང་རུང་། ། སེམས་ཅན་ཡིན་ཡང་རྣལ་འབྱོར་ཚོད་ལངས་ན། ། བློ་གཅིག་བདེན་གཉིས་དངོས་ཤུགས་འབད་མེད་གྲུབ། །

ཟབ་གསལ་རྣལ་འབྱོར་བདེ་སྟོང་ཟུང་འཇུག་ཕྱིར། ། གསལ་བ་ལོགས་སུ་སྣང་དགོས་མཉམ་གཞག་འཁྲུལ། ། མདོར་ན་རྣམ་པའི་ཚུལ་འདི་མ་ཤེས་ཕྱིན། ། བསྐལ་བར་རྩོད་ཀྱང་གྲུབ་མཐའི་གནད་ལས་གོལ། །

བྱེ་སྨྲའི་རྣམ་པ་བཞེད་མིན་འདི་ལས་འོང་། ། མདོ་སྡེའི་དབེན་པའི་འདུ་བྱེད་འདི་ལས་འོང་། ། རྣལ་སྤྱོད་གཞན་སེམས་མངོན་ཤེས་འདྲ་རྣམ་ཙམ། ། རྒྱུད་གཞན་གྲུབ་པའི་ཟབ་གནད་འདི་ལས་འོང་། །

རང་ལྡོག་རྟོག་བཏགས་གཞི་ལྡོག་རང་མཚན་འོང་། ། ཞེས་པའི་དྲང་ངེས་དཀའ་གནད་འདི་ལས་འོང་། ། དབུ་སེམས་རྣམ་པ་གཏད་ལུགས་འདྲ་འོ་ཞེས། ། འཇུག་པའི་ཊཱིཀ་ཆེན་ཟབ་གསུངས་འདི་ལས་འོང་། །

འོག་མའི་ཟབ་གསལ་གཉིས་མེད་འདི་ལས་འོང་། ། མ་རྒྱུད་སྣང་བ་ལྷ་སྒྲུབ་འདི་ལས་འོང་། ། དུས་འཁོར་སྟོང་གཟུགས་ཡབ་ཡུམ་འདི་ལས་འོང་། ། གསང་འདུས་སྒྱུ་ལུས་ལྡང་ལུགས་འདི་ལས་འོང་། །

མདོ་རྒྱུད་བསྟན་བཅོས་གང་ལ་དཔྱོད་བྱེད་ཀྱང་། ། རིགས་པའི་ཚུལ་དང་ཁུངས་ཀྱི་ལོ་རྒྱུས་བཅས། ། ཡོངས་སུ་རྫོགས་པའི་རྣམ་ཐར་རྨད་བྱུང་འདི། ། སྔོན་དུས་བློ་བཟང་གྲགས་དང་དེང་སང་ང་། །

དེ་ལྟར་མདོ་སྔགས་ཟབ་མོའི་དཀའ་གནད་ལ། ། རྩེ་གཅིག་མ་གཡེང་ངང་ལས་བྲིས་པ་འདིས། ། འཇམ་མགོན་བླ་མའི་རྗེས་འཇུག་རྣལ་མ་རུ། ། ཚེ་རབས་ཀུན་ཏུ་ངག་གི་དབང་ཕྱུག་ཤོག །

འདི་ལས་འོངས་པའི་རྣམ་དཀར་གངས་རི་ཡིས། ། བཀའ་དྲིན་འཁོར་ཐབས་བྲལ་བའི་བླ་མ་དང་། ། དལ་འབྱོར་མི་ལུས་སྩལ་བའི་ཡབ་ཡུམ་སོགས། ། ཐུགས་དགོངས་འབད་མེད་འགྲུབ་པའི་རྒྱུར་གྱུར་ཅིག །

གཞུང་བཟང་འདི་ནི་རབ་གནས་ཆུ་སྦྲུལ་ལོའི། ། ཕུག་ལུགས་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི། ། བཟང་པ་དང་པོའི་ཐོ་རངས་འོད་གསལ་ནི། ། ཕྱི་ནང་འཕྲོད་ཚེ་རིན་ཆེན་གྲུབ་ཀྱིས་སྤེལ། །

དགེའོ། ། བོད་རྒྱལ་ལོ།༢༡༤༠/༦/༡༧/ ( 2013/7/24/ )

References

[edit]